སྤྱིར་རྣལ་འབྱོར་པ་རྟོགས་པ་མཆོག་དང་ལྡན་པ་ལ་མཆོད་པའི་དངོས་པོར་མ་གྱུར་པ་གང་ཡང་མེད་ཀྱང་། འདི་གསང་སྔགས་ཀྱི་གཞུང་ནས་བཤད་པའི་ཚོགས་ཀྱི་མཆོད་པ་ཅུང་ཀུན་མཁྱེན་མི་ཕམ་པའི་གསུང་བཞིན་འགོད་པ་ལ། སྤྱི་མཆོད་པའི་ངོ་བོ་ནི། པཱུ་ཛའི་སྒྲ་ལས་སྔོན་དུ་བསྐྱེད་པར་བྱ་བའམ། ཡང་ཡང་དགྱེས་པ་བསྐྱེད་པའམ། བཀུར་བའི་དོན་ཅན་ཏེ། དེ་ཡང་མཆོད་པའི་ཡུལ་རྣམས་ལ་སྒོ་གསུམ་གྱིས་བཀུར་ཞིང་མཆོད་པའི་བསམ་པས་ཕྱི་དང་ནང་གི་དངོས་པོ་སྣ་ཚོགས་སྟོབ་པའི་སྒོ་ནས་མཉེས་པར་བྱེད་པའི་ལས་ཀྱི་བདག་ཉིད་དོ། །
མཆོད་པའི་དབྱེ་བ་ལ་ཐུན་མིན་སོ་སོའི་དབྱེ་བ། ཐུན་མོང་ཚོགས་ཀྱི་འཁོར་ལོ་བཤད་པ་གཉིས་ལས། དང་པོ་ནི། མཆོད་པ་ཐམས་ཅད་ངོ་བོའི་རིགས་བསྡུ་ན། ཕྱི་ཉེར་སྤྱོད་ཀྱི་མཆོད་པ། ནང་དམ་རྫས་ཀྱི་མཆོད་པ། གསང་བ་སྦྱོར་སྒྲོལ་གྱི་མཆོད་པ། དེ་ཁོ་ན་ཉིད་མཉམ་པ་ཆེན་པོའི་མཆོད་པ་དང་བཞི་ལས།
དང་པོ་ཕྱི་མཆོད་ལའང༌། ཕྱག་རྒྱ་གར། བསྟོད་པ་གླུ། ཏིང་འཛིན་ཡིད། སྣ་ཚོགས་འདོད་ཡོན། རྨད་བྱུང་མཐུན་རྫས། ཁྱད་འཕགས་ཐབས། སྣང་སྲིད་གཞིར་བཞེངས་ཀྱི་མཆོད་པ་དང་བདུན་ནོ།
དེ་ལས་དང་པོ་ལའང་རྐང་པའི་བྲོ་ལག་པའི་གར་མིག་གི་ལྟ་སྟངས་ལུས་ཀྱི་འདུག་ཚུགས་གར་གྱི་ཉམས་ལ་སོགས་པའི་ཕྱག་རྒྱའི་རྣམ་པ་མང་དུ་འགྱུར་ལ།
གཉིས་པ་ལའང་དབྱངས་ཀྱི་ཆ་ནས་ཤ་ཏ་པ་ལ་སོགས་པ་སྣ་ཚོགས་སུ་འགྱུར་ཞིང༌། ཚིག་གི་ཆ་ནས་ཐུགས་དམ་བསྐུལ་བ་དང་བསྟོད་པ་དང་གསོལ་བ་གདབ་པ་དང་དགྱེས་པ་བསྐྱེད་པ་མཆོད་པའི་སྔགས་ཚིག་སོགས་དུ་མར་འགྱུར་རོ། །
གསུམ་པ་དང་གུས་ཀྱིས་གཞི་བཟུང་ནས་ཏིང་ངེ་འཛིན་གྱིས་མཆོད་པའི་སྤྲིན་རབ་འབྱམས་སུ་སྤྲུལ་ལ་ཤེས་རབ་ཀྱིས་རང་བཞིན་མེད་པར་ཤེས་པའོ། །
བཞི་པ་ལ་ཉེར་སྤྱོད་བདུན་དང༌། འདོད་ཡོན་དྲུག་དང༌། བྱེ་བྲག་ཏུ་གོས་རྒྱན་བཟའ་བཏུང་ཡོ་བྱད་གནས་ཁང་ཡུལ་ཕྱོགས་འབྱོར་པ་དང་བཅས་པ་རྣམས་སོ། །
ལྔ་པ་ནི་ལྷ་དང་སྲུང་མ་རྣམས་རང་རང་གི་ཐུན་མོང་མིན་པའི་མཆོད་རྫས་དང་རྟེན་རྫས་གཞུང་ལས་གྲགས་པ་རྣམས་སོ། །
དྲུག་པ་ནི་སྦྱིན་སྲེག་ལ་སོགས་པ་སྟེ་ཇི་ལྟར་ན་མེ་ལ་བརྟེན་པའི་མཆོད་པ་ནི་ལྷ་རྣམས་ཁྱད་པར་དུ་ཚིམས་པའི་ཐབས་ཡིན་པས་མཆོད་པ་གཞན་ལས་འཕགས་ཤིང༌། དེ་བཞིན་དུ་མཆོད་སྐོང་གི་མདོས་ལ་སོགས་པ་ཐབས་ཀྱི་སྒོ་ནས་ཚེགས་ཆུང་ལ་དོན་ཆེ་བ་ཇི་སྙེད་པ་རྣམས་ཀྱང་ཡིན་ནོ། །
བདུན་པ་ནི་སྣང་ཞིང་སྲིད་པས་བསྡུས་པའི་ཆོས་ཐམས་ཅད་གཅིག་ཏུ་བློས་བླངས་ཏེ་མཆོད་པ་འབུལ་བ་སྟེ། དེ་ཡང་ཐུན་མོང་གི་ཐེག་པར་ཞིང་ཁམས་འབུལ་བ་དང་ཚུལ་འདྲ་ཡང༌། འདིར་ནི་སྣོད་བཅུད་དག་པ་དང་མ་དག་པ་ཐམས་ཅད་ཡེ་ནས་དག་མཉམ་བདེ་བ་ཆེན་པོར་གནས་པའི་ཕྱིར་སྣང་སྲིད་ཐམས་ཅད་བདེ་སྟོང་མཆོད་པའི་ཕྱག་རྒྱར་འབུལ་བ་སྟེ། འདི་ལ་སྣང་སྲིད་གཞིར་བཞེངས་ཀྱི་མཆོད་པའམ་ཀུན་ཏུ་བཟང་པོ་དབྱེ་བ་མེད་པའི་མཆོད་པ་ཞེས་ཀྱང་བྱའོ། །
གཉིས་པ་ནང་མཆོད་ལ། དམ་རྫས་བདུད་རྩི། དམར་ཆེན་རཀྟ། བ་ལིང་གཏོར་མ་གསུམ་དངོས་སུ་གསུངས་ལ། གཞན་ཡང་རྡོ་རྗེ་ལུས་ཀྱི་རྩ་རླུང་ཐིག་ལེའི་ཁམས་རྣམ་པར་དག་པའི་མཆོད་པ་སྣ་ཚོགས་སུ་ཤར་བ་དག་ཀྱང་ཡིན་ནོ། །
གསུམ་པ་གསང་མཆོད་སྦྱོར་སྒྲོལ་དངོས་སུ་གསུངས་ལ་གཞན་ཡང་དུག་ལྔ་ཡེ་ཤེས་ལྔ། དུག་གསུམ་སྐུ་གསུང་ཐུགས་སུ་མཆོད་པ་སོགས་སོ། །
བཞི་པ་དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི་སྣང་སྲིད་དག་མཉམ་བདེ་བ་ཆེན་པོ་ཆོས་སྐུ་ཐིག་ལེ་ཉག་གཅིག་ལ་མཆོད་པ་དང་མཆོད་ཡུལ་མཆོད་བྱེད་མ་དམིགས་པར་རང་བཞིན་མཉམ་པ་ཉིད་དུ་ཤེས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱེད་པ་མཆོད་པའི་རྒྱལ་པོའོ། །
གཉིས་པ་ཐུན་མོང་ཚོགས་མཆོད་བཤད་པ་ལ། ཐུན་མོང་ཡིན་ཚུལ། དེ་ཡི་དགོས་པ། ཇི་ལྟར་བྱ་ཚུལ་གསུམ་གྱི། དང་པོ་འདི་ལ་ཐུན་མོང་ཞེས་པ་ཅི་ཡིན་ན་གོང་དུ་མཆོད་པའི་དབྱེ་བ་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་དུ་བསྟན་པ་ཐམས་ཅད་འདིར་ཚང་བས་ན་ཐུན་མོང་ཞེས་བྱའོ། །
གཉིས་པ་མཆོད་པ་ཉི་ཚེ་བ་མ་ཡིན་པ་ལ་སོགས་པའི་ཁྱད་པར་གྱིས་མཆོད་པ་ཀུན་ལས་འཕགས་པ་སྟེ། བསོད་ནམས་ནང་ནས་ཚོགས་འཁོར་མཆོག།ཅེས་གསུངས་པ་བཞིན་ནོ། །
གསུམ་པ་མདོར་བསྟན་རྒྱས་བཤད་གཉིས། དང་པོ་སྐལ་ལྡན་འདུས་པའི་ཚོགས་ཀྱིས། འབྱོར་ལྡན་ཡོ་བྱད་ཀྱི་ཚོགས་འདུ་བྱས་ལ། དངོས་གྲུབ་ལྷའི་ཚོགས་ལ་ཕུལ་བས། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པའོ། །
གཉིས་པ་ལ་སྔོན་འགྲོ། དངོས་གཞི། རྗེས་ཀྱི་བྱ་བ་གསུམ་ལས། དང་པོ་སྔགས་ཀྱི་ཀུན་སྤྱོད་ཟབ་མོ་ལ་འདུ་བར་འོས་པའི་གནས་སུ་དཀྱིལ་འཁོར་རྒྱས་པའམ། སྐུ་གསུང་ཐུགས་ཀྱི་རྟེན་བཀོད་པའམ། མེ་ཏོག་གི་ཚོམ་བུ་ལྷ་གྲངས་དང་མཉམ་པ་བཀོད་ལ་བྱིན་གྱིས་བརླབས་ནས་ཚོགས་ཀྱི་ཡོ་བྱད་ཕྱི་ནང་གསང་བའི་མཆོད་རྫས་སུ་འོས་པ་ཅི་འབྱོར་བར་བསགས་ཤིང༌། ཐ་ནའང་ཤ་ཆང་ནི་མེད་དུ་མི་རུང་ངོ༌། །དེ་ནས་དམ་ཚིག་དང་ལྡན་པའི་རྣལ་འབྱོར་ཕོ་མོ་ཐབས་ཤེས་ཟུང་དུ་ཚོགས་དགོས། གལ་ཏེ་དཔའ་བོ་མང་ན་ནི་དཔའ་བོའི་དགའ་སྟོན་དང༌། དཔའ་མོ་མང་ན་ནི་དཔའ་མོའི་སྟོན་མོ་ཙམ་དུ་འགྱུར་གྱི་ཚོགས་མཆོད་མཚན་ཉིད་པ་མིན་ནོ། །དེ་ནས་རྣལ་འབྱོར་པ་འདུ་བར་འོས་པ་དེ་དག་ཞི་ཁྲོ་གང་བྱེད་པའི་རང་གི་མེ་ཏོག་ཕོག་པའི་ལྷའི་ཆས་སུ་བྱས་ཏེ་ཚོགས་ཁང་དུ་ཞུགས་ཚུལ་སོགས་གཞུང་བཞིན་དུ་མཁྱེན་འཚལ།
ཚོགས་ཀྱི་གྲལ་དུ་ཐ་མལ་པའི་སྣང་ཞེན་སྤངས་ཏེ་ལྷ་སྔགས་ཏིང་འཛིན་གྱི་རོལ་པ་འབའ་ཞིག་གི་ཚུལ་དུ་གནས་པ་ལས། ཐ་མལ་གྱི་རྩེད་མོ་ཅ་ཅོ་འཕྱ་སེམས་སོགས་ཅུང་ཟད་ཀྱང་མི་རུང་སྟེ་གཙང་དམེ་མེད་པའི་ཚུལ་དུ་ཚོགས་རྫས་རྣམས་ལ་མཉམ་པར་རོལ་པར་བྱའོ། །དེ་ནས་རྡོ་རྗེའི་གླུ་དང་གར་གྱི་མཆོད་པ་ལ་སོགས་པ་ཉམས་དང་སྦྱར་ལ་ཅི་རིགས་པར་བྱ་སྟེ་མདོར་ན་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ་རྣམས་ཡོངས་སུ་རྫོགས་པར་བྱ་བ་ཡིན་ནོ། །
གཉིས་པ་བགེགས་ལ་གཏོར་མ་བྱིན་ཅིང་མཚམས་བཅད་པ་ནས་བརྩམས་ཏེ་ལས་གཞུང་རྒྱས་པར་བསྲངས་ལ། ཚོགས་མཆོད་རྣམས་བསང་སྦྱང་སྤེལ་བསྒྱུར་ཇི་ལྟ་བ་བཞིན་དུ་བྱས་ལ་བདག་དང་གཉིས་སུ་མེད་པའི་ལྷ་རྣམས་མཆོད། རྒྱས་པ་གཞུང་ལས་ཤེས་པར་བྱའོ།།
གསུམ་པ་མཇུག་ཚོགས་ཀྱི་ལྷག་མ་བསོགས་འཇོག་མེད་པར་བསྡུས་ལ་གཏོར་མ་བཏང༌། རྡོ་རྗེའི་གླུ་བྲོ་སོགས་དཀྱིལ་འཁོར་རྗེས་ཀྱི་བྱ་བ་རྣམས་ཚང་བར་བྱའོ།།
གསང་སྔགས་བླ་མེད་ཀྱི་མཆོད་པ་རྣམས་ནི་འོག་མའི་མཆོད་སྦྱིན་ལས་ཁྱད་པར་འཕགས་ཏེ། ཡུལ་དང་བསམ་པ་དང་དངོས་པོ་མཆོག་ཏུ་གྱུར་པས་སོ། །
དང་པོ་ཡུལ་ནི་བསོད་ནམས་ཀྱི་ཞིང་གི་མཐར་ཐུག་པ་སངས་རྒྱས་ཉིད་ཡིན་ལ། དེ་ལ་སྣང་སྲིད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཡེ་ནས་དག་པའི་དཀྱིལ་འཁོར་ཆེན་པོ་ལྷུན་གྱིས་གྲུབ་པ་ཉིད་དུ་ཤེས་པས་ལྷ་གཅིག་མཆོད་ཀྱང་སྲིད་ཞི་ཐམས་ཅད་མཉམ་པ་ཉིད་དུ་ཚིམ་པ་དང༌། སྒོ་གསུམ་རྡོ་རྗེ་གསུམ་གྱི་རྣམ་པས་ཡུལ་ལ་རོལ་པས་ན་སངས་རྒྱས་ཉིད་དངོས་སུ་མཆོད་པ་དང་ཁྱད་མེད་པས་འཕགས་སོ། །དེ་ཡང་མཉམ་ཉིད་ཡེ་ཤེས་ཀྱི་སྐུ་ཅན་སངས་རྒྱས་རྣམས་ལ་མཉེས་མི་མཉེས་ཀྱི་རྟོག་པ་མེད་ཀྱང༌། ཡེ་ཤེས་ཀྱི་སྐུ་རྣམ་པ་ཐམས་ཅད་པ་ཉིད་གདུལ་བྱའི་བློ་དང་མོས་པ་དང་འཚམས་པར་འཇུག་པས་ན་སྔགས་ཀྱི་ལྷ་ཤིན་ཏུ་མཉེས་པའི་ཚུལ་གྱིས་དངོས་གྲུབ་རྣམ་པ་གཉིས་བདེ་བླག་ཏུ་ཐོབ་པའོ། །
གཉིས་པ་བསམ་པ་ནི་ཆོས་ཉིད་དག་མཉམ་ཆེན་པོའི་ངང་དུ་འཛིན་ཞེན་མེད་པར་རོལ་པས་སྦྱིན་སོགས་ཕར་ཕྱིན་དང་དད་དང་སྙིང་རྗེ་སོགས་བྱང་ཆུབ་ཆེན་པོའི་རྒྱུ་ཡི་ཆོས་རྣམས་མ་ལུས་པ་མ་ཚང་བ་མེད་པའི་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དང་བདེ་བ་ཆེན་པོ་རོ་གཅིག་པའི་བདག་ཉིད་དུ་འགྱུར་བའོ།
གསུམ་པ་དངོས་པོ་ནི་མཆོད་པའི་རྫས་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིར་བསྒྱུར་བས་ཐ་མལ་པ་མ་ཡིན་པ་སྟེ། འདི་ལྟར་རང་བཞིན་གྱིས་དག་ཅིང་མཉམ་པས་ན་ཆོས་ཉིད་ཅི་ཡང་མ་ཡིན་པ་ལས་ཅིར་ཡང་འཆར་དུ་རུང་བའི་ཕྱིར་དམིགས་པ་དང་སྔགས་དང་ཕྱག་རྒྱས་ཅི་ལྟར་བསྒྱུར་བ་བཞིན་དུ་རྡུལ་གཅིག་གི་ཁྱོན་ལའང་མཁའ་ཁྱབ་ཀྱི་ཞིང་གི་བཀོད་པའི་འབྱོར་བ་རབ་འབྱམས་ཀུན་ཏུ་བཟང་པོའི་མཆོད་སྤྲིན་བདེ་བ་ཆེན་པོ་འཛད་པ་མེད་པའི་གཏེར་དུ་གྱུར་པའོ། །
བཞི་པ་དགོས་པ་ནི། གསང་སྔགས་ཀྱི་ལྷ་ཉེ་བར་མཉེས་པའི་ཐབས་ཁྱད་པར་ཅན་འདིའི་སྒོ་ནས་ལས་དང་ཡེ་ཤེས་ཀྱི་དངོས་གྲུབ་ཐམས་ཅད་འབད་མེད་དུ་འགྲུབ་པ་དང༌། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཡོངས་སུ་རྫོགས་པའི་སྒོ་ཡིན་པས་ཤིན་ཏུ་གལ་ཆེའོ། །
མདོར་ན་མཆོད་པ་ནི་ཡེ་ཤེས་ཀྱི་ལྷ་མཉེས་པར་བྱེད་པ་ཡིན་ལ། མཉེས་པར་བྱེད་པའི་ཐབས་མཐར་ཐུག་པ་ནི་སྔགས་ཀྱི་དོན་ལ་ཞུགས་པ་ཡིན་ཏེ། མདོ་དགོངས་པ་འདུས་པ་ལས། ཐེག་ཆེན་གསང་བའི་ཚིག་གཅིག་ཙམ། །ཁོང་དུ་ཆུད་པར་གྱུར་པ་ནི། །སྐྱེ་བོ་ཉན་ཐོས་བསམ་ཡས་དང༌། །རྒྱལ་བ་མཐའ་ཡས་སྲས་བཅས་ལ། །མཆོད་ཡོན་ཚོགས་ཆེན་སྤེལ་བས་ནི། །འབུམ་གྱི་ཆར་ཡང་མི་ཕོད་དོ། །ཅི་ཕྱིར་ཐེག་ཆེན་འདི་ཤེས་པས། །རྒྱལ་བ་མཉེས་པའི་མཆོག་འདི་ཡིན། །ཞེས་གསུངས་པ་བཞིན་ནོ། །
ཆོས་ཉིད་དག་མཉམ་ཆེན་པོའི་དོན་ལ་མཆོད་བྱ་དང་མཆོད་བྱེད་མཆོད་པ་མ་དམིགས་པར་རང་བཞིན་ལྷུན་གྲུབ་ཆེན་པོར་རང་སྣང་གི་བཀོད་པ་རང་ཤར་དུ་བདལ་བའི་རྫོགས་པ་ཆེན་པོའི་དོན་ལ་མཆོད་པ་ཐམས་ཅད་མཐར་ཕྱིན་པར་ཤེས་པར་བྱའོ། །རྒྱས་པ་ནི་རྒྱུད་སྡེའི་གཞུང་རྣམས་ལ་དབང་ཐོབ། དམ་ཚིག་ལ་གནས་ཏེ་ཚུལ་བཞིན་འཇུག་དགོས་པ་ཡིན་པས་འདིར་ཀུན་མཁྱེན་མི་ཕམ་པའི་གསུང་ལ་ཟུར་ཙམ་བཀོད་པ་ལགས་ན། གསང་སྒོ་འཆོལ་བའི་་ཉེས་པ་མི་འབྱུང་བར་རྩ་གསུམ་སྲུང་མ་རྣམས་ཀྱིས་གནང་བ་མཛོད་ཅིག།།
ཐུན་མོང་ཐུན་མིན་གཞུང་ཀུན་རང་དབང་གིས། །
མ་ནོར་བསྒྱུར་ཞུས་གཏན་ལ་ཕབ་པ་ཡིས། །
གངས་ལྗོངས་སྣང་བའི་སྒོ་ཆེན་ཐོག་མར་ཕྱེས། །
མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །