བསང་མཆོད་ཇི་ལྟར་བྱུང་ཚུལ་ལ་ནི། མདོ་སྡེ་དག་ལས། སྦྱིན་བདག་རྣམས་ཀྱིས་བཅོམ་ལྡན་འདས་སྤྱན་འདྲེན་པ་ན་ཐོག་ཁར་ཕྱིན་ཏེ་སྤོས་ཕུལ་བ་སོགས་ནི་བསང་མཆོད་ཀྱི་ཁུངས་ཡིན་པར་བཤད། འདི་བོད་དུ་ཇི་ལྟར་བྱུང་བའི་ལོ་རྒྱུས་ནི། གངས་རིའི་ལྗོངས་འདིར་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ་ཨྱོན་གྱི་སློབ་དཔོན་ཆེན་པོ་སངས་རྒྱས་གཉིས་པ་སྤྱན་དྲངས་ནས་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས་སྐབས་ཤིག་ན། ཆོས་རྒྱལ་ཆེན་པོ་ལ་སྐུ་གྲིབ་ཀྱིས་བསྙུན་གསོལ་བ་ན། ཚུལ་དེ་སློབ་དཔོན་ལ་ཞུས་པས། དེ་སེལ་བའི་ཐབས་ཡོད་གསུངས་ནས་ལྷ་བསངས་མཛད་པས་རྒྱལ་པོ་བསྙུན་ལས་གྲོལ་ཞིང་སླར་ཡང་ཕྱི་རབས་ཀྱི་གང་ཟག་རྣམས་ཀྱི་ཆེད་དུ་གདམས་ངག་དེ་ཉིད་ཕན་ཡོན་ལོ་རྒྱུས་དང་བཅས་ཏེ་དཔལ་བསམ་ཡས་ཀྱི་རྩིགས་པའི་ལོག་ལ་བྲིས་ནས་བཞག་པ་ད་ལྟ་ཡོངས་གྲགས་ཀྱི་བསང་མཆོད་བསམ་ཡས་ལོག་བྲིས་མར་གྲགས་པ་དེ་ཡིན་ཞིང༌། དེ་ནས་བཟུང་ཏེ་བསང་མཆོད་ཀྱི་རིགས་སྣ་ཚོགས་བོད་ལ་དར་རྒྱས་བྱུང་བར་ཡིན།
སྐབས་འདིར་རི་བོ་བསང་མཆོད་ལྟར་ཅུང་ཞུ་ན། དང་པོ་སྦྱོར་བ་ལའང་སྐྱབས་སུ་འགྲོ་བ་དང༌། སེམས་བསྐྱེད་པ་དང༌། ཡན་ལག་བདུན་གྱི་ཚོགས་བསགས་པ་རྣམས་གཞུང་ལྟར་བྱེད་དགོས། གཉིས་པ་དངོས་གཞི་ལའང༌མཆོད་རྫས་བྱིན་གྱིས་བརླབ་པ།
དེ་ཡང་མཆོད་རྫས་རྣམས་ཀྱིས་མཚོན་ཆོས་ཐམས་ཅད་མི་དམིགས་པའི་ངང་ལས་ཡི་གེ་བྷྲཱུྃ་ཞེས་པ་བརྗོད་པས་གཏོར་སྣོད་རྣམས་ཀྱི་གོ་སར་རིན་ཆེན་སྣ་ཚོགས་ཀྱི་དྭངས་མ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་སྲིད་པའི་གཏོས་དང་མཉམ་པ་རྣམས་སུ། འཇིག་རྟེན་འདི་ན་སྲིད་དོ་ཅོག་པའི་འདོད་རྒུའི་ལོངས་སྤྱོད་ཐམས་ཅད་རྣམ་པ་དམ་ཚིག་གི་རྫས་རྣམས་གནས་པར་བསམ། སླར་ཡང་ཡི་གེ་ཨོཾ་ཨཱཿཧཱུྃ་གསུམ་གྱིས་བྱིན་གྱིས་བརླབས་ཏེ། མཆོད་པའི་སྤྲིན་རྒྱ་མཚོ་འདོད་རྒུར་འཁྲིགས་པར་བསམ།
གཉིས་པ་གང་ལ་འབུལ་བའི་ཡུལ་ནི། དཀོན་མཆོག་གསུམ་སོགས་དཀོན་མཆོག་སྲིད་ཞིའི་མགྲོན་དུ་གྱུར་པ་དང༌། གཙང་རིས་ཀྱི་དཔལ་མགོན་བདུན་བཅུ་རྩ་ལྔ་སོགས་མགོན་པོ་ཡོན་ཏན་གྱི་མགྲོན་དང༌། རིགས་དྲུག་གི་སེམས་ཅན་ཉམ་ཐག་པ་རིགས་དྲུག་སྙིང་རྗེའི་མགྲོན་དུ་གྱུར་པ་དག་དང༌། འདྲེ་གདོན་ཕོ་མོའི་རིགས་སུ་གཏོགས་པ་བགེགས་རིགས་ལན་ཆགས་ཀྱི་མགྲོན་དུ་གྱུར་པ་རྣམས་ཏེ། དེ་ལྟ་བུའི་མགྲོན་རིགས་བཞི་པོ་ནི་སྐབས་སུ་མཆོད་སྤྲིན་གང་ལ་བྱ་བའི་ཡུལ་ལོ།
གསུམ་པ་ཇི་ལྟར་འབུལ་ཚུལ་ནི། དེ་ཡང་འདིར་ཁོ་བོ་ཅག་ལ་མཐོ་བས་བསྐྱངས་པ་དང༌། དམའ་བས་བཀུར་བ་ལ་སོགས་པའི་ལན་ཆགས་པ་གང་ཅི་མཆིས་པ་མཐའ་དག་དེང་འདིར་དམར་པོའི་མེ་ལ་མཆོད་རྫས་རྣམས་འཇལ་ཏེ་སྲེག་ཅིང་སྦྱང་བར་བྱའོ། །དེ་ལྟར་བགྱིས་པ་ན་མགྲོན་རིགས་རང་རང་གི་ཡིད་ལ་གང་ཞིག་འདོད་པའི་འདོད་རྒུའི་ཆར་ཆེན་པོ་ཇི་སྲིད་ནམ་མཁའ་གནས་ཀྱི་བར་དེ་སྲིད་ཉིད་དུ་འབེབས་པས་འདོད་པའི་ཡོན་ཏན་ལྔ་ཟད་པ་མེད་པར་འབྱུང་བར་གྱུར་ཅིག ཅེས་ཡོངས་སུ་བསྔོའོ། །
དེ་བཞིན་དུ་བསངས་ཀྱི་མེ་ལྕེས་སྣང་སྲིད་ཐམས་ཅད་གང་བར་དམིགས་པའི་མེའི་རྡུལ་ཕྲན་རེ་རེར་ཡང་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ཕུང་མཐའ་མི་མངོན་ཞིང་ཟད་མི་ཤེས་པ་སྤྲོ་བས་ཕྱོགས་བཅུའི་རྒྱལ་བའི་ཞིང་ཁམས་ཡོངས་སུ་རྫོགས་པ་ལ་ཁྱབ་པར་གྱུར་ཅིག དེ་དང་མཚུངས་པར་མེ་ལྕེ་ཡེ་ཤེས་ཀྱི་རང་འོད་ལྔ་རུ་གསལ་བའི་རྩེ་མོ་ལས་མཆོད་པའི་སྤྲིན་སྤྲོ་བའི་འོད་ཟེར་ཁ་དོག་སྣ་ཚོགས་པ་རིགས་དྲུག་སྤྱི་དང་ཁྱད་པར་ཤིན་ཏུ་སྡུག་བསྔལ་དྲག་པོས་གདུངས་ཤིང་དེ་ལས་ཕར་མནར་དུ་མེད་པ་དམྱལ་གནས་ཏེ་གནས་རིགས་དེ་རྣམས་སུ་སྤྲོས་པས་དེ་ཀུན་ཏུ་ཁྱབ་པར་གྱུར་ཏེ་བསིལ་བའི་བདེ་བ་ཐོབ། འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ལས་ཉོན་སྡིག་སྒྲིབ་མ་ལུས་པ་དག་ནས་འདོད་ཁམས་གཟུགས་ཁམས་གཟུགས་མེད་ཀྱི་ཁམས་ཏེ་ཁམས་གསུམ་གྱིས་བསྡུས་པའི་འཁོར་བ་མཐའ་དག་འཇའ་ལུས་འོད་སྐུ་རུ་གྲོལ་ཏེ། འགྲོ་བ་དེ་ཀུན་རྫོགས་པའི་བྱང་ཆུབ་བླ་ན་མེད་པའི་སྙིང་པོར་འཚང་རྒྱ་བར་ཤོག་ཅིག ཅེས་པ་སྟེ། དེ་ལྟར་དམིགས་འདོན་ཟུང་དུ་ཆུད་པའི་ངང་ནས་ཨོཾ་ཨཱཿཧཱུྃ་ཞེས་བརྒྱ་སྟོང་ཁྲི་འབུམ་མང་པོ་འབུལ་བར་བྱའོ། །
རྗེས་ཀྱི་རིམ་པ་ལའང༌། དང་པོ་བསྔོ་བ་ནི། ཟག་པ་མེད་པའི་དགེ་ཚོགས་ཏེ་འདིས་ཉོན་མོངས་མཐའ་དག་འཇོམས་པར་བྱེད་པས་ན་བདུད་རྩིའི་བཅུད་གངཡིན་པ་ནི་བསྔོ་རྒྱུའི་དགེ་བའོ། །
དེ་གང་ལ་བསྔོ་བའི་ཡུལ་ནི། རང་ཅག་རྣམས་ཐོག་མ་མེད་པའི་དུས་ནས་ད་ལྟའི་སྐྱེ་བ་འདི་ཡན་ཆད་དུ་ཁམས་གསུམ་གྱི་འཁོར་བར་འཁྱམས་པ་ན་ཕ་མར་གྱུར་པའི་སེམས་ཅན་སྣང་ཞིང་སྲིད་པའི་མགྲོན་དུ་གྱུར་པ་ཡོངས་ལ་འཁོར་གསུམ་རྣམ་པར་དག་པའི་ངང་ནས་གོང་དུ་བགྱིས་པའི་དགེ་བའི་རྩ་བ་དེ་དག་གི་མཐུས་སྔོ་བ་དང་སྨོན་ལམ་གང་འགྲུབ་བྱ།
གསུམ་པ་ཕྲིན་ལས་བཅོལ་བ་ནི། དེ་ཡང་དུ་རུ་ཁ་ཡི་དམག་ལ་སོགས་པ་མཐའ་བཞིའི་མི་ཡུལ་དབུས་ལྷ་ལྡན་གྱི་ཕྱོགས་སུ་འོང་ནས་སྐུ་གསུང་ཐུགས་ཀྱི་རྟེན་རྣམས་བཤིག་པའམ། ཕལ་ཆེར་རང་ཡུལ་གྱི་ཕྱོགས་སུ་འཁྱེར་བའི་ཉེས་པའི་སུན་མ་མཐའ་དག་ཟློག་པར་མཛོད་ཅིག གཞན་ཡང་བོད་ཡུལ་དུ་བཀྲ་མི་ཤིས་པར་བྱེད་པའི་ལྟས་ངན་པ་སོགས་བཟློག་པའི་འཕྲིལ་ལས་བཅོལ།
རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱི་གསུང་ལས་ཅུང་བཏུས་པ་ལགས་ཤིང་རྒྱས་པར་མཁྱེན་འདོད་ན་གཞན་ལས་ཤེས་པར་འཚལ་ལོ།།